Wednesday, 3 October 2012

༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་བརྙན


༄༅།།གསུང་རབ་དགོངས་འགྲེལ་བཅས་པའི་ཆོས་ཚུལ་ཀུན། །ཟབ་བརླིང་དགོངས་པའི་ཀློང་དུ་འཁྱིལ་བ་ལས། །
ལུང་རིགས་རླབས་ཀྱི་རྩེད་འཇོ་རྒོད་པའི་འཕྲུལ། །དྲེགས་ལྡན་ཀླུ་དབང་གཞན་གྱིས་འགྲན་བཟོད་མིན། །

ནོར་གླིང་འཆི་མེད་དགའ་ཚལ་གཉིས་པ་ན། །ཕྱག་ན་པདྨོ་བཞད་པའི་ཁྲི་དྲུང་དུ། །
ངེས་དོན་མཁས་མང་རྩོད་པའི་དོ་ར་རུ། །བསྔགས་པའི་གསུང་གི་འོད་སྣང་ཁྱེད་ལ་འབྱེད། །

ལྷ་ལྡན་ཞེས་བྱའི་ལྷ་ཡི་གྲོང་ཁྱེར་དབུས། །ར་ས་གཙུག་ལག་ཁང་གི་རྭ་བའི་ནང་། །
རིགས་པའི་དབང་ཕྱུག་རིག་གྲོལ་འབུམ་ཕྲག་གིས། །གསུང་རབ་བགྲོ་གླེང་མཛད་པའི་གསུང་གསང་མཐོ། །

ལུང་རིགས་འོད་སྣང་ལྷམ་མེར་འཚེར་བ་ཡི། །གདན་གསུམ་མཁས་མང་སྐར་ཚོགས་འཁྲིགས་པའི་དབུས། །
དྲི་མེད་རིགས་པའི་དཀྱིལ་འཁོར་ཡོངས་རྫོགས་པའི། །ངེས་དོན་ཟླ་བའི་དཀྱིལ་འཁོར་ཁྱེད་ཉིད་ཙམ། །

སྟོབས་ཀྱི་དཔུང་པས་ལྟག་སྒོ་མ་བསྐོར་ཞིང་། །འབྱོར་པའི་ནོར་གྱི་རྔན་པས་མ་བསླུས་པར། །
མཁས་མང་ཁྲི་ཕྲག་ཚོགས་པའི་དམ་བཅའི་དབུས། །རབ་འབྱམས་གཞུང་བརྒྱ་སྨྲ་བའི་གྲྭ་སྐོར་མཛད། །

མཚན་ཉིད་རིག་པའི་གཞུང་ལུགས་རྒྱ་མཚོའི་འཇིང་། །མཁྱེན་རབ་རྩལ་གྱིས་བདེ་བླག་བརྒལ་བ་དང་། །
གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བསྟེ་གནས་མཆོག །སྟོད་རྒྱུད་གྲུབ་པའི་དགའ་ཚལ་ཡངས་པོར་འཇུག །
《རྣམ་ཐར་ལས་དྲངས》

Tuesday, 2 October 2012

༧གོང་ས་མཆོག་ལ་རྩོད་རྒྱུགས་ཕུལ་རྗེས་སུ་བསྐྲུན་པའི་རྣམ་པ


༄༅།།ཨོཾ་བདེ་ལེགས་སུ་གྱུར་ཅིག །
     ལྟ་སྤྱོད་གཙང་མས་ལེགས་པར་རྒྱན་གྱུར་ནས། །གདོད་ནས་བྱང་ཆུབ་སྙིང་པོར་གཤེགས་གྱུར་ཀྱང་། །
     ཁ་བ་གངས་ཅན་པ་ཡི་ལས་དབང་དང་། །   འཚམ་པར་སྤྱོན་པའི་མགོན་པོ་ཁྱེད་ལ་འདུད། །
     ལྟ་བ་རྟེན་འབྱུང་གཏམ་གྱི་རོལ་མོ་དང་། །སྤྱོད་པ་འཚེ་མེད་འཛུམ་གྱི་རྣམ་པ་ལས། །
     ཕྱོགས་ཀུན་ཁྱབ་པའི་སྐྱེ་རྒུ་དུ་མ་ལ། །ཡང་དག་ལྟ་སྤྱོད་སྐྲུན་པོ་ཁྱེད་ལ་འདུད། །
    ཤྭཀྱ་སེང་གེའི་མཛད་མཆོག་འཁོར་ལོ་ཡི། །དོན་སྙིང་བཅུད་ཀྱི་གསེར་ཐག་ལེགས་བརྒྱུད་ནས། །
     སྙིང་བརྩེའི་ངང་གིས་ལུས་ཅན་འབུམ་ཕྲག་གི །མགུལ་བར་རྒྱན་མཁས་མགོན་པོ་ཁྱེད་ལ་འདུད། །
     སྐམ་སར་གནས་པའི་སྲོག་ཆགས་དུ་མ་ཡིས། །རེ་སྒུག་སྤྲིན་ནག་ཚོམ་བུའི་ཆུ་ཐིགས་ལྟར། །
    ཆོས་སྒྲས་ཕོངས་པའི་ཤེས་ལྡན་ཇེ་སྙེད་ཀྱི། །རྣ་བར་ཆོས་ཆར་འབབ་པོ་ཁྱེད་ལ་འདུད། །
    བྱིའུ་ཕྲུག་ཐང་གྱར་བོད་ཀྱི་སྐྱེ་དགུ་ཀུན། །ཐེམ་སྒང་བྱིའུ་ཆུང་མགོ་བོ་མྱུག་ཙམ་ལས། །
     ཕུགས་ཐག་ཆོད་པའི་སྙིང་སྟོབས་མི་ལྡན་ཡང་། །སྙིང་སྟོབས་གསར་དུ་སྐྲུན་པོ་ཁྱེད་ལ་འདུད། །
    བྱིས་པ་ཤེད་མ་བྱེ་བ་བདག་ལྟ་བུའི། །བྱིས་པའི་བརྟུལ་ཞུགས་འཛིན་པའི་མིའུ་ཆུང་ཁྱུར། །
    བྱམས་བརྩེའི་འཛུམ་གྱིས་ཕྱུག་པས་གཏམ་བཟང་པོས། །བྱིས་བློ་གསར་དུ་འབྱེད་པོ་ཁྱེད་ལ་འདུད། །
    མདོར་ན་མགོན་པོ་ཁྱེད་ཀྱི་བྱིན་མཐུ་ཡིས། །བདག་རྒྱུད་རྨོངས་པའི་སྨག་རུམ་ཚར་གཅོད་ནས།
     ལམ་བཟང་ལྟེ་བར་ལེགས་པར་མྱུར་འཁྲིད་པ། །བཀའ་དྲིན་གསུམ་ལྡན་མགོ་པོ་ཁྱེད་ལ་འདུད། །

ཅེས་ཚིགས་སུ་བཅད་པའི་ཡི་གེ་དགུ་པའི་བདག་ཉིད་ཅན་གྱི་ཤོ་ལོ་ཀ་བདུན་པོ་འདི་༧རྒྱལ་བ་དགྱེས་པའི་མཆོད་
སྤྲིན་དུ་དུས་ཁྱད་པར་ཅན་སྐུའི་འཁྲུངས་སྐར་ལ་ཕུལ་པས་དགེའོ། །


Potala






May the longing ends soon,May the our prayers be answered,May our heart lie where it belongs,May we all gather at Potala soon!